ཁ་ལོ། ཕོ། བོད་རིགས། དགེ་རྒན་ཆེན་མོ། བོད་སྨན་འབུམ་རམས་སྨན་པ། རྒྱལ་ཡོངས་མི་རིགས་གསོ་རིག་གི་ལས་འཛིན། རྒྱལ་ཡོངས་གྲགས་ཆེའི་བོད་ལུགས་གསོ་རིག་ཆེད་མཁས། རྒྱལ་ཁབ་སྤྱི་ཁྱབ་ཁང་གིས་དམིགས་བསལ་ཕོག་ཡོན་སྤྲོད་པའི་ཆེད་མཁས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཡོན་ཀྲང་དང་ཧྲུའུ་ཅུ་ཟུར་པ། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་འཛིགས་བསྐྲུན་གྲ་སྒྲིག་ཚོགས་པའི་ཚོགས་གཙོ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས་གཞོན་པ། མགོ་ལོག་ཁུལ་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། མགོ་ལོིག་ཁུང་ཧི་མ་ལ་ཡ་གསོ་རིག་ཞིབ་འཇུག་སློབ་ཚོགས་ཀྱི་མཚན་འཛིན་མགོ་གཙོ། རྒྱལ་ཡོངས་གྲགས་ཆེའི་ཀྲུང་ལུགས་གསོ་རིག་ཆེད་མཁས་ཀྱི་མཉམ་མྱོང་རྒྱུན་འཛིན་ལས་གཞིའི་མཛུབ་སྟོན་དགེ་རྒན།
དང་པོ། བོད་ཀྱི་གསོ་རིག་པའི་སློབ་གྲྭ་དང་སྨན་ཁང་འཛིགས་བསྐྲུན་ཐད་ཀྱི་མཛད་རྗེས། བོད་ཀྱི་གསོ་བ་རིག་པའི་ཆེད་དུ་དཀའ་བ་བརྒྱ་ཕྲག་དུ་མ་ཞིག་དང་དུ་བླངས་པའི་འབྲས་རྟགས་སུ། སྤྱི་ལོ ༡༩༧༩ ལོར་མགོ་ལོག་ཁུལ་བོད་ལུགས་སྨན་ཁང་དང་། བོད་སྨན་ཞིབ་འཇུག་ཁང་གཉིས་ཀ་ལོ་གཅིག་གི་ནང་གསར་དུ་བཙུགས་ཏེ། སྨན་གྱི་སྡེབས་སྦྱོར་རྙིང་པ་ལ་ཞིབ་འཇུག་དང་གསར་པ་ཁ་སྣོན་བཅས་ཀྱིས་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་གང་མང་བསྒྲུབས། ཁྱད་པར་ས་མཐོའི་ནད་པ་རྣམས་ལ་རྩ་ནད་དང་། གྲུམ་བུའི་ནད་རིགས་ཀྱིས་གཙེས་མང་བའི་དབང་གིས་བོད་ལུགས་སྨན་ལུམས་དང་རླངས་ལུམས་ཀྱི་ལག་ལེན་རྣམས་ཆེད་དུ་བཙུགས་ནས་འགྲོ་བ་ནད་པ་རྣམས་ལ་མི་འཇིག་པའི་སྲོག་གི་སྦྱིན་པ་ཇི་སྙེད་ཅིག་བཙལ། སྐབས་དེར་ཞིང་ཆེན་ཡོངས་ལ་མཚོན་ན་རྒྱལ་ཁབ་འཕྲོད་བསྟེན་སྡེ་ཁག་ནས་ཁས་ལེན་ཐོབ་པའི་ཁུལ་རིམ་པའི་བོད་ལུགས་སྨན་ཁང་ཉག་གཅིག་ཡིན་ལ། ཞིང་ཆེན་གྱི་མིག་དཔེའམ་ཚད་བགམ་ལྟ་བུའི་བོད་སྨན་ཁང་ཉག་ཅིག་ཀྱང་ཡིན། དེས་ན་ལོ་ཟླ་དུ་མའི་ནང་དུ་རོང་འབྲོག་མང་ཚོགས་ཀྱི་ནད་བཅོས་སྲོག་སྐྱོབ་ལ་ཕུལ་དུ་བྱུང་བའི་འབྲས་བུ་བྱུང་ཡོད་པར་བརྟེན། ས་གནས་དང་ཞིང་ཆེན་ཡོངས་ལའང་སྙན་པའི་གཏམ་བཟང་ཕྱོགས་སུ་གཡོས་ལ། གྲགས་པའི་བ་དན་མཁའ་ལ་འཕྱོ་བས་གོང་རིམ་འབྲེལ་ཡོད་མགོ་ཁྲིད་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་བག་ཆག་དང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་སོ། །དེ་ནི་ཉིད་ཀྱི་མི་ཚེའི་ནང་མགོ་ལོག་ལོ་རྒྱུས་ཐོག་ཏུ་བཞག་པའི་བླ་མེད་ཀྱི་ལེགས་སྐྱེས་གསར་པ་ཞིག་ཏུ་འཁུམས་སོ།།
གཉིས་པ། དེ་ཡང་བཤད་མ་ཐག་པའི་གྲུབ་འབྲས་ལ་མཚོ་སྔོན་འཕྲོད་བསྟེན་ཐིན་གྱིས་གཟིགས་བཟོས་དང་བསྟོད་བསྔགས་གང་མང་ཞིག་ཐོབ་པའི་ཆ་ནས་མཁས་དབང་ཁ་ལོ་ལགས་ཞིང་ཆེན་བོད་སྨན་ཁང་དུ་ཕེབས་དགོས་པའི་སྐུལ་མ་ཡང་ཡང་གནང་རྗེས། སྤྱི་ལོ ༡༩༨༣ ལོར་ཞིང་ཆེན་བོད་སྨན་ཁང་དུ་ལས་གནས་སྤོས་ཏེ། ཧྲོའུ་ཅི་དང་ཡོན་ཀྲང་གཅིག་ལྕོགས་ཀྱིས་འགན་བཞེས། སྨན་ཁང་དེར་སྨན་ལུམས་ཞིག་བཙུགས་ཡོད་པ་ལ། དེང་རབས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ། གྲུམ་བུ་ནད་པ་ལྔ་བཅུ་རྩ་གསུམ་ལ་ཞིབ་འཇུག་བྱས་པའི་འབྲས་བུ་དེ། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་སྡེ་ཁག་ལ་སྙན་གསན་ཞུས་རྗེས་རྒྱལ་ཁབ་འཕྲོད་བསྟེན་སྡེ་ཁག་ནས་ཁས་ལེན་ཐོབ ། དེ་ནས་རིམ་བཞིན་སྨན་ལུམས་འདི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་བཅས་ཀྱི་མཚན་སྙན་རབ་དང་རིམ་པར་རྒྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་རྒྱལ་སྤྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟུགས་འདས་རིག་པའི་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བཙུད་ཟིན་པ་འདི་ཡང་སྐུ་ཞབས་ཁ་ལོ་སོགས་མི་རབས་སྔ་མ་རྣམས་ཀྱིས་བཞག་པའི་ཕྱག་རྗེས་ཡིན།།
གསུམ་པ། དེ་ཡང་བོད་ཀྱི་གསོ་རིག་གཞུང་དུ་བསྟན་པའི་ཆ་བྱད་རྣམས་དེ་སྔོན་ལོ་རྒྱུས་ཐོག་ཏུ་ཐང་ག་ངོས་ཀྱི་རི་མོ་ལས་གཞན་དངོས་དཔེར་ཕལ་ཆེར་མཐོང་དུ་མེད་པ་དང་། གལ་ཏེ་སླ་བཅོས་རེ་ཟུང་ཙམ་ཡོད་ན་ཡང་། ཚད་གཞིར་མི་ལྡན་པའི་ཐར་ཐོར་ཅན་དུ་གྱུར་བར་བརྟེན། སྨན་པ་ཕལ་ཆེར་གྱིས་ཚད་ལྡན་གྱི་དབྱིབས་གཟུགས་ངོ་མ་ཞིག་ངོས་བཟུང་དཀའ་བའི་གནས་ཚུལ་མཐོང་སྟེ། དོན་གྱི་མཁས་དབང་ཀརྨ་འཕྲིན་ལས་ཀུན་ཁྱབ་(ཨ་ཆེན)མཆོག་གདན་དྲངས་ཏེ། ཆ་བྱད་རྣམས་ཀྱི་དཔེ་དབྱིབས་ཆ་ཚང་ལ། མ་ནོར་བ་རྣམས་ཤིང་ལ་བཟོས་ཡོད་པ་དེས་བོད་ཀྱི་སྨན་པ་སྤྱི་དང་། ལྷག་པར་སློབ་མའི་སློབ་ཁྲིད་ལའང་སྤྱོད་སྒོ་ཆེ་བ་དང་མཁོ་གལ་ཆེ་བ་ཞིག་ཏུ་བྱུང་ངོ་། །
བཞི་བ། དེ་ཡང་ཉིད་ཀྱིས་བཞེད་པ་ལ་མཚོ་སྔོན་བོད་སྨན་འདི་ཉིད་གསོ་སློབ་ཞིབ་གསུམ་པོ་ལག་རྡང་གཅིག་ཏུ་སྦྲེལ་ཏེ་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་རྩ་བ་ནི། ཆགས་གཞི་ས་གནས་རྒྱ་ཁྱོན་ལའང་རག་ལས་པར་མཐོང་ཞིང་། ད་ལྟའི་ཞིང་ཆེན་བོད་སྨན་ཁང་ཆགས་གཞིའི་ས་གནས་འདི་རྒྱ་ཆེ་ལ། ཟི་ལིང་རླངས་འཁོར་ས་ཚིགས་ལའང་ཐག་ཉེ་བས་ཞིང་འབྲོག་མང་ཚོགས་ཀྱི་ནད་པ་རྣམས་ཡར་མར་འགྲོ་འོང་བདེ་བར་བཅས་ལ་དམིགས་ཏེ་ས་གཞི་འདི་ཉོས་ནས་དེར་སྒོ་བསྟེན་སྨན་ཁང་དང་། ནད་སྡོད་སྨན་བཅོས་ཁང་། སྨན་ལུམས་ཚན་ཁག འདུལ་སྦྱོང་ཚན་ཁག དེ་བཞིན་སྨན་པ་སྡོད་ཤག་སོགས་ཐོག་ཁང་མང་པོ་ཞིག་གསར་དུ་བཟོས་པས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་འདི་ཉིད་སྔོན་ལས་ལྷག་པའི་གཞི་རྒྱ་ཆེ་རུ་བསྐྱེད་ཅིང་། སྨན་སྦྱོར་ཁང་དང་སྨན་ལུམས། དེ་མིན་འབྲེལ་ཡོད་སྡེ་ཚན་སོགས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་དེས་སྤྱིར་ན་མཚོ་སྔོན་བོད་སྨན་དང་སྒོས་སུ་བོད་སྨན་ཁང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་བསྙོན་དུ་མེད་དོ། །
ལྔ་བ། དེ་ཡང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ལ་མཚོན་ན། དེང་རབས་ཀྱི་སློབ་གསོའི་མ་ལག་གི་ཆ་ཡོངས་སུ་གྲུབ་པའི་བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་ཞིག་མ་བྱུང་བའི་སྟོང་ཆ་ཆེན་པོ་དེ་ཁ་བསྐང་བའི་ཆེད། བགྲང་བྱ་དུ་མའི་རིང་དཀའ་བ་བརྒྱ་ཕྲག་མང་པོ་ཁྱད་དུ་བསད་ནས་སློབ་གྲྭའི་ཉེར་མཁོའི་སྟ་གོན་ཕལ་ཆེར་འཐུས་སྒོ་ཚང་བར་བསྒྲུབས་ཟིན་ན་ཡང་། ཞིང་ཆེན་གྱི་ནོར་སྲིད་ཉག་ཕྲ་བའི་དབང་གིས་མ་དངུལ་མ་འདང་བ་སོགས་རྒྱུ་རྐྱེན་དུ་མ་ཞིག་གིས་རྐྱེན་བྱས་ཏེ། སྤྱི་ལོ ༡༩༩༢ ལོར་གནས་སྐབས་སུ་ཕྱི་ཕྱོགས་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སློབ་གླིང་མིང་ཡིག་རང་སོར་བཞག་པ་དང་། ནང་ཁུལ་ནས་མཚོ་སྔོན་གསོ་རིག་སློབ་གླིང་ནང་དུ་བོད་སྨན་སྡེ་ཁག་ཅིག་གི་མིང་བཏགས་ཤིང་བསྲེས་ཏེ། ཐོག་མར་བོད་སྨན་ཆེད་ཚན་སློབ་མ་སུམ་ཅུ་བསྡུས་ཏེ་སློབ་གྲྭ་དེ་ཉིད་གཞི་ཚུགས་པར་བྱས། དེ་ནས་རིམ་པར་དངོས་གཞི་དང་། ཆེད་རམས། འབུམ་རམས་སློབ་མ་སོགས་མི་སྣ་མང་པོ་ཞིག་འཚར་ལོངས་བྱུང་བ་རྣམས་ཀྱང་། གཙོ་བོ་སྐུ་ཞབས་ཁ་ལོ་སོགས་རྒན་རབས་རྣམས་ཀྱི་མི་ཚེའི་རྔུལ་ཆུ་གསར་དུ་བཏབ་པའི་ས་བོན་ལས་ངོ་མཚར་གྱི་མྱུ་གུ་ཉག་གཅིག་ལས་མ་འདས་པས་ནམ་ཡང་རྗེས་སུ་དྲན་པར་འོས་སོ། །
དྲུག་པ། སློབ་ཆེན་སློབ་མའི་སློབ་ཁྲིད་ལ་དམིགས་ནས་རྨ་ལྷོ་ཐང་གའི་རི་མོའི་སྒྱུ་རྩལ་པ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ། སྐུ་ཞབས་ཤ་བོ་ཚེ་རིང་ལགས་གདན་དྲངས་ཏེ་བོད་ལུགས་གསོ་རིག་གི་སློབ་ཁྲིད་ལ་སྤྱོད་པའི་སྨན་ཐང་བཞི་བཅུ་ལྷག་ཙམ་བཟོས་ཡོད་པ་དེ་ཡང་། སྐབས་དེར་མཚོན་ན་མཚོ་སྔོན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རྩ་ཆེན་གྱི་དངོས་པོ་ཞིག་ཡིན་ལ། མ་འོངས་རྗེས་འཇུག་རྣམས་ལ་ཤུལ་དུ་བཞག་པའི་རིག་གནས་རྩ་ཆེན་ཞིག་ཀྱང་ཡིན་ནོ་སྙམ།།
བདུན་པ། དེ་ཡང་འཛམ་གླིང་སྤྱིའི་འགྲོས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་གང་གི་ཐད་ནས་བཤད་ན་ཡང་། སློབ་ཆེན་སློབ་མ་བསྡུ་བའི་ཆ་རྐྱེན་གཅིག་ནི་སློབ་ཁྲིད་ཀྱི་རྩ་འཛིན་དང་། སློབ་ཁྲིད་འཆར་གཞི། དེ་བཞིན་སློབ་མའི་སློབ་དེབ་བཅས་གསུམ་ནི་མེད་དུ་མི་རུང་བའི་གཞི་རྩའི་ཆ་རྐྱེན་གཙོ་བོ་གསུམ་ཡིན་པར་མཐོང་ནས་ཆེད་དུ་སློབ་དེབ་རྩོམ་སྒྲིག་བྱ་བའི་ཚོགས་ཆུང་ཞིག་བཙུགས། རང་ཉིད་ཀྱིས་གཙོ་སྒྲིག་བྱ་བའི་འགན་འཁུར་ཕྲག་ཏུ་བླངས་ཤིང་། རང་གི་ལས་ཀའི་ཞར་དང་ཞོར། གཙོ་བོ་ངལ་གསོའི་དུས་ཚོད་རྣམས་བེད་སྤྱད་དེ་སློབ་དེབ་ཀྱི་སྤྱི་ཁོག་སྒྲོམ་གཞི་དང་། བརྗོད་བྱའི་དོན་དང་། རྗོད་བྱེད་ཚིག་གི་བརྡ་དག་ཡོད་དོ་ཅོག་ལ་ཞིབ་དག་བཏང་བ་མ་ཟད། རང་ཉིད་སྒེར་གྱིས་ཡུན་རིང་ཉར་ཚགས་བྱས་པའི་རྒྱུད་བཞིའི་འགྲེལ་བ་འབུམ་ནག་གསལ་བའི་སྒྲོན་མེ་ཡང་ཁོལ་འདོན་གནང་སྟེ་ཕུལ་ནས་སློབ་དེབ་གསུང་རབ་མཆོག་སྒྲིག་གི་གྲས་སུ་བཙུད་ཅིང་། བསྡོམས་སློབ་ཆེན་སློབ་མའི་སློབ་དེབ་བཅུ་གཉིས་ཙམ་ཡོད་པ་རྣམས་དཔར་སྐྲུན་འགྲེམ་སྤེལ་ཐུབ་པས་མཚོ་སྔོན་ཞིང་ཆེན་གཙོས་པའི་ས་ཁུལ་མང་དག་ཅིག་གི་གསོ་བ་རིག་པའི་དགེ་སློབ་ཡོངས་ལ་སྦྱངས་གཞི་གཙོ་བོ་ཞིག་ཏུ་གྱུར་ནས་སོ་སོའི་བལྟ་བའི་མིག་དང་བཤད་པའི་ཁུངས་ལྟ་བུ་ཞིག་ཏུ་གྱུར་རོ། །
བརྒྱད་པ། དེ་ཡང་གོང་བཤད་རིག་གསར་སྐབས་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་གཏར་གའི་ལག་ལེན་དེར་མིའི་གསོན་ཁྲག་ཆུད་ཟོས་སུ་གཏོང་བའི་དཔྱད་དུ་བཟུང་ནས་མ་ཉེས་ཁ་གཡོག་གི་ཞྭ་མོ་ཆེན་པོ་ཞིག་གཡོག་པའི་རྐྱེན་གྱིས་བོད་སྨན་པ་མང་པོ་ཞིག་གིས་རྩ་ཁྲིམས་དང་འགལ་བའི་དོགས་འདྲོག་དེས་གཏར་གའི་ལག་ལེན་དེ་ཉིད་ཕལ་ཆེར་ཉམས་པའི་ཉེན་ཁ་ཆེན་པོ་ཞིག་བྱུང་བ་དེ་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་དང་། གནོད་མེད་ཕན་ནུས་ཀྱི་བདེན་དཔང་མངོན་དུ་འགྱུར་བ་བྱེད་ཆེད། མཚོ་སྔོན་གསོ་རིག་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ། མིའི་བམ་རོ་གསུམ་ཙམ་ལ་དེང་རབས་གཤགས་ལས་རིག་པའི་ཐབས་ལམ་སྤྱད་དེ། བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་བྱས་རྗེས། ཕན་ཆེ་གནོད་མེད་ཀྱི་བདེན་དཔང་ཕུལ་དུ་བྱུང་བ་ཞིག་བླངས་ཏེ། མཚོ་སྔོན་འཕྲོད་བསྟེན་ཐིན་སོགས་འབྲེལ་ཡོད་མགོ་ཁྲིད་དང་མཁས་དབང་ཡོངས་ཀྱིས་ཁས་ལེན་ཐོབ་ནས་ཐིང་ཀྲང་ཡུས་ལིན་ཞན་གྱིས་བོད་ཀྱི་གསོ་བ་རིག་པའི་གཏར་གའི་ལག་ལེན་འདི་ཉིད་གཞུང་ལུགས་ཀྱི་མ་ལག་ཚང་ཞིང་། ནད་པ་ལ་ཕན་ནུས་ཆེ་བ། དེང་རབས་ཀྱི་ཚན་རིག་གི་གནས་ལུགས་དང་ཡོངས་སུ་མཐུན་པའི་གསལ་བཤད་ཡི་གེ་དེ་བྲིས་ཡོད་པར་བརྟེན། བོད་ཀྱི་ས་ཁུལ་སྤྱི་དང་ཁྱད་པར་མཚོ་སྔོན་གྱི་བོད་སྨན་པ་རྣམས་ཀྱིས་བླ་མེད་ཀྱི་ཡིད་བཞིན་ནོར་བུ་ཞིག་སླར་ཡང་གསར་དུ་རྙེད་པའི་རྣམ་པ་ལྟ་བུར་གྱུར་ཏོ། །
དགུ་བ། སྐབས་དེར་མཚོ་སྔོན་བོད་ཀྱི་སྨན་པ་ཕལ་ཆེར་བ་སྔོན་མའི་དགོན་སྡེའི་གྲྭ་ཚང་དང་གྲོང་སྡེའི་སྨན་རྒན་རྣམས་ཀྱིས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་ཡིན་པར་བརྟེན། རྒྱལ་ཁབ་རྩ་ཁྲིམས་དང་མཐུན་པའི་སློབ་ཐོན་གྱི་ལག་ཁྱེར་མེད་པའི་གནས་ཚུལ་ལ་གཞིགས་ནས་ཉིད་ཀྱིས་བགྲང་བྱ་དུ་མའི་ནང་དུ་རྒྱལ་ཁབ་སློབ་གསོ་པུའུ་དང་འཕྲོད་བསྟེན་པུའུ་ལ་རེ་ཞུ་ཡང་ཞུ་དང་བསྐྱར་ཞུ་བྱས་རྗེས་མཚོ་སྔོན་ལ་དམིགས་བསལ་གྱི་རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པའི་རང་སྦྱོང་རྒྱུགས་སྤྲོད་བྱ་བའི་ཆོག་མཆན་ཐོབ་ཡོད་པ་དེས་གཞི་རིམ་བོད་སྨན་གྱི་ཆེད་མཁས་སྨན་པ་བརྒྱ་སྟོང་མང་པོ་ཞིག་ལ་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ལག་ཁྱེར་ཐག་གཅོད་ཐུབ་པར་བྱུང་བས་མཚོ་སྔོན་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པར་བྱས་སོ། །
བཅུ་བ། བོད་ཀྱི་གསོ་བ་རིག་པ་འདི་ཉིད། བྱང་ནས་བྱང་དུ་དར་ཞིང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ལ། ནམ་མཁའ་དང་མཉམ་པའི་འགྲོ་དོན་བྱེད་པར་ཤོག ཅེས་གཡུ་ཐོག་ཡོན་ཏན་མགོན་པོས་སྨོན་ལམ་བཏབ་པ་བཞིན་དོན་དུ་སྨིན་ལ། རང་རེ་མི་རིགས་ཀྱི་གསོ་བ་རིག་པ་འདི་ཉིད་རྒྱལ་སྤྱི་ཅན་དང་ཡོངས་ཁྱབ་ཅན། འཕེལ་རྒྱས་ཅན་དུ་དམིགས་ནས་སོ་མ་རཱ་ཛ་དང་། བེེ་ཌཱུརྱ་སྔོན་པོ་བཅས་བོད་ཀྱི་སྨན་གཞུང་ཁག་ཅིག་རྒྱ་ཡིག་ཏུ་བསྒྱུར་བ་དང་། དེ་བཞིན་ཀྲུང་གོའི་བོད་སྨན་ཚད་གཞི་དང་བོད་སྨན་འདུལ་སྦྱོང་ཚད་གཞི་བཟོས་པ་སོགས་བོད་ཀྱི་སྨན་ཡིག་ཁག་གཅིག་རྩོམ་སྒྲིག་སྒྱུར་གསུམ་བྱ་བཞག་དེས་རྒྱལ་ཡོངས་ནས་བོད་ཀྱི་གསོ་བ་རིག་པ་ལ་སྔར་ལས་ལྷག་པའི་བག་ཆགས་དང་གདེང་འཇོག་ཚད་མཐོན་པོར་ཐོབ་པའོ།།