
རང་ཁུལ་གྱི་གཞི་རིམ་སྨན་བཅོས་མི་སྣའི་བོད་གསོ་དཔྱད་བཅོས་ལག་རྩལ་ཁྱོན་ཡོངས་ནས་གོང་སྤེལ་བྱས་ཏེ་ས་གནས་མང་ཚོགས་ལ་དུས་རབས་དང་མཐུན་པའི་ཞབས་ཞུ་ཚང་ལ་མ་ནོར་བ་བྱེད་པ་དང་། བརྡ་འཕྲིན་དྲྭ་རྒྱ་ལས་ཁྱབ་གདལ་འགྲོ་བའི་བོད་ལུགས་གསོ་རིག་གི་སྨན་དཔྱད་ཀྱི་བཅོས་ཐབས་གཞི་རིམ་ལ་ཐོན་ནས་མང་ཚོགས་ཀུན་ཀྱི་འཕྲོད་བསྟེན་འདུ་ཤེས་མཐོ་རུ་འགྲོ་བ་སོགས་དགོས་པ་དུ་མར་དམིགས་ཏེ། མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མགོ་ལོག་ཁུལ་བོད་སྨན་སྨན་བཅོས་སྤྱི་གཉེར་གཉིས་ཀྱིས་༼ ལྗོངས་གསུམ་དང་ཁུལ་གསུམ་གྱི་ཞིང་སྡེ་སྨན་པའི་རྒྱང་ཁྲིད་གསོ་སྦྱོང་ནུས་པ་འཛུགས་སྐྱོང་བྱེད་པའི་ ༽ལས་གཞིར་གྲོས་འཆམ་བྱུང་ནས། སྤྱི་ལོ་༢༠༢༡ལོའི་ཟླ་༤ཚེས་༡༡ཉིན་ནས་༢༠༢༡ལོའི་ཟླ་༧ཚེས་༣༡ཉིན་བར་རང་ཁུལ་གྱི་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་། གཅིག་སྒྲིལ་རྫོང་། པད་མ་རྫོང་། རྨ་སྟོད་རྫོང་བཅས་རྫོང་ཁག་༦དང་ཡུལ་ཚོ་༤༦གི་གཞི་རིམ་འཕྲོད་བསྟེན་འགན་འཛིན་ཞིང་སྡེ་སྨན་པ་༣༥༠་ལྷག་ལ་མགོ་ལོག་ཁུལ་བོད་སྨན་རྩིས་ཁང་གི་ཆེད་ལས་ལག་རྩལ་སྨན་པ་མངགས་ནས་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་དཔྱད་བསྟེན་ཐབས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་རྫོང་རེ་རེར་ཉིན་ལྔ་ལྷག་ལ་སྒྲུབ་པ་དང་། སློབ་སྒྲིལ་རྗེས་སུ་སྐབས་བབས་ཀྱི་སྦྱངས་བྱར་ཡིག་ཐོག་དང་ལག་ལེན་དཔེ་སྟོན་གྱིས་སློབ་རྒྱུགས་བླངས་ཤིང་ཟབ་སྦྱོང་དཔང་ཡིག་སྤྲད།
ཐེངས་འདིའི་གསོ་སྦྱོང་གི་སྦྱངས་གཞི་གཙོ་བོ་ཧོར་མེ་དང་། གཏར་ག སྨན་ལུམས། ཏེལ་བ། མེ་བུམ། རྔབས་རྭ། དུགས་བཅོས། མེ་བཙའ། བསྐུ་མཉེ་སོགས་ཡིན་ཞིང་། དེར་བརྟེན་འདི་གའི་སྨན་ཁང་གིས་འབྲེལ་ཡོད་དཔྱད་བཅོས་སློབ་ཁྲིད་ལ་མཁོ་བའི་དཔྱད་ཆས་སྣ་ཚོགས་དང་སྨན་རྫས་རིགས། རིམས་འགོག་ཡོ་བྱད་སོགས་ཚགས་སུ་ཆུད་པར་བྱས་པ་མ་ཟད་དགེ་རྒན་རྣམས་ཀྱིས་སློབ་མའི་བློ་ཡུལ་དང་འཚམ་པའི་གཞུང་ལུགས་སློབ་ཁྲིད་ཀྱི་ནང་དོན་རྣམས་གོ་བདེ་ལ་ངེས་སླ་བའི་སྒྲོན་བརྙན་གྱི་རྣམ་པར་བཟོས་ཤིང་། ནད་ཐོག་དངོས་ལ་ཞུགས་ནས་མཐོང་བརྒྱུད་ལག་ལེན་དམར་ཁྲིད་བྱས་པ་སོགས་ཀྱིས་སློབ་མ་རྣམས་ཀྱི་བློ་ཡིད་ཤིན་ཏུ་ཚིམས་པ་དང་། བསྔགས་བརྗོད་མང་ཏུ་བྱས་པ་མ་ཟད་སླར་མར་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་སོགས་སྒྲུབ་ནས་སློབ་སྦྱོང་གི་གོ་སྐབས་མང་དུ་སྤྲོད་པའི་རེ་བ་ལན་མང་ཞུས།
འདི་ལྟར་མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མགོ་ལོག་ཁུལ་བོད་སྨན་སྨན་བཅོས་སྤྱི་གཉེར་གཉིས་ཀྱིས་༼ ལྗོངས་གསུམ་དང་ཁུལ་གསུམ་གྱི་ཞིང་སྡེ་སྨན་པའི་རྒྱང་ཁྲིད་གསོ་སྦྱོང་ནུས་པ་འཛུགས་སྐྱོང་བྱེད་པའི་ ༽ལས་གཞི་གྲུབ་འབྲས་ཆེན་པོའི་ངང་ལེགས་འགྲུབ་བྱུང་བ་སྟེ། སློབ་ཞུགས་སྨན་པ་རྣམས་ཀྱི་སྦྱངས་འབྲས་ལེགས་པ་དང་ཆེད་ལས་ལ་སྔར་ལས་སྤྲོ་བ་འཕེལ་བས་དུས་ཡུན་མི་རིང་བར་དཔྱད་བཅོས་ལག་རྩལ་ཁག་ཅིག་ཡུལ་ཚོ་རིམ་པའི་བོད་སྨན་ཁང་དང་འཕྲོད་བསྟེན་ཁང་སོགས་ལས་དངོས་སུ་ལག་ལེན་བྱས་ཤིང་། ས་གནས་དམིགས་བསལ་གྱི་ནད་འགའ་ལ་བཅོས་སྐྱེད་ཆེ་ཞིང་འགྲོ་གྲོན་ཉུང་བ། སྤྱོད་བདེ་བ།ཞོར་སྐྱོན་མེད་པ་སོགས་དགེ་མཚན་རྨད་དུ་བྱུང་བར་མང་ཚོགས་ཀྱིས་དགའ་བསུ་ཐོབ། འདི་གའི་སྤྱི་གཉེར་འཕྲོད་བསྟེན་ལས་འཛིན་གྱིས་སླད་མར་མུ་མཐུད་དུ་འདི་ལྟ་བུའི་གྲུབ་འབྲས་མངོན་གྱུར་གྱི་བདེ་ཐང་ཞབས་ཞུ་བྱེད་པ་རྒྱུན་འཛིན་དར་སྤེལ་བཏང་ནས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཅི་ནུས་ཀྱིས་འབད་འབུངས་བྱེད་དགོས་པ་བཅས་བསྡུས་འཕྲིན་ཙམ་མོ། །

